Menu
 

༄༅། །བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན། 
དབྱིངས་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །ཕ་བླ་མ་ཡེ་ཤེས་ཆོས་སྐུ་ཁྱེད་མཁྱེན་ནོ། །ཆོས་རིག་སྟོང་བརྗོད་བྲལ་ཡེ་ཤེས་དེ་སྩོལ་ཅིག །དབྱིངས་ཀ་དག་ལྷུན་རྫོགས་རིག་རྩལ་གྱི་ཀློངས་ནས། །ཕ་བླ་མ་ལོངས་སྤྱོད་ཞི་ཁྲོ་ཡི་གང་འདོད། །སྐྱབས་རྒྱལ་བ་རྒྱ་མཚོ་བླ་མ་ཁྱེད་མཁྱེན་ནོ། །སྐྱེད་རྫོགས་པའི་བདེ་ཆེན་ཟུང་འཇུག་དེ་དབབ་མཛོད། །དབྱིངས་སྤྲོས་བྲལ་ལྷུན་གྲུབ་རྣམ་མཐུན་གྱི་རོལ་པ། །ཕ་སྟོང་ཉིད་སྙིང་རྗེའི་གཟུགས་སྣང་གི་སྤྲུལ་སྐུ། །རྗེ་འཁོར་འདས་མཉམ་ཉིད་དག་མཉམ་ཁྱེད་མཁྱེན་ནོ། །ཆོས་ལུང་རྟོགས་ཤེས་རབ་དྲི་མེད་དེ་སྩོལ་ཅིག །གཞི་མ་དམིགས་མ་ངེས་འཁྲུལ་སེམས་ཀྱི་སེམས་ཅན། །དུས་མ་ངེས་ཚོར་བ་བདེ་སྡུག་གི་རིགས་དྲུག །ལས་མ་ངེས་མ་རིག་ལྷན་སྐྱེས་ཀྱི་ཡིད་ཤེས། །རྒྱུད་བདག་འཛིན་སྒྲིབ་གཡོག་དུག་གསུམ་ལ་གཞི་བཅོལ། །ཚོར་རྒྱུ་མཐུན་སྡུག་བསྔལ་དུག་གསུམ་གྱིས་རྣམ་འཁོར། །རྟེན་བདེ་བ་འདོད་ཀྱང་སྡུག་བསྔལ་གྱིས་མནར་དུས། །ཕ་དམིགས་མེད་བརྩེ་ཆེན་ཤེས་རབ་ཀྱི་འོད་སྣང་། །སྐྱབས་བླ་མ་སྣང་སྟོང་བརྩེ་ཆེན་ཁྱེད་མཁྱེན་ནོ། །ཆོས་རྟེན་འབྲེལ་ཟབ་གསལ་དོན་གཉིས་དེ་དབབ་མཛོད། །དུས་སྙིགས་དུས་སེམས་ཅན་སྡུག་འཁྲུལ་གྱིས་བཅིངས་དུས། །ཕ་དགོས་འདོད་ཀུན་བྱུང་པད་དཀར་རྡོ་རྗེ་ཡི་འཆང་ཆེན། །སྐུ་མི་འགྱུར་རྟགས་བརྟན་ཚེ་མཐའ་ཡས་བཞུགས་མཛོད། །གསུང་འགག་མེད་མདོ་སྔགས་ཟབ་གསལ་གྱི་བདུད་རྩི། །མ་ཉམས་ཐག་མྱང་འདས་མ་གྲོལ་བར་བཞུགས་གསོལ། ། ཐུགས་ཀ་དག་ལྷུ་གྲུབ་བདེ་ཆེན་གྱི་ཀློངས་ཡངས། །ཡེ་འདོད་མའི་མགོན་པོ་རྟགས་བརྟན་ངང་བཞུགས་མཛོད། །སྐྱབས་རིགས་བརྒྱ་རིགས་གཅིག་བླ་མ་ཁྱེད་མཁྱེན་ནོ། །ཆོས་ལུང་རྟོགས་གཞི་ལམ་འབྲས་བུ་ཡི་རྣམ་བཞག །ཁྱེད་མེད་ན་འཁྱགས་སྟེང་ཁང་བཟང་ལྟར་འགྱུར་ངེས། །དེ་དགོངས་ནས་དགོས་འདོད་ནོར་བུ་ཁྱེད་བཞུགས་མཛོད། །སྤྱིར་བསྟན་འགྲོའི་བདེ་སྐྱིད་བླ་སྲོག་གི་འབྱུང་གནས། །སྐྱབས་བསླུ་མེད་བསྟན་འཛིན་རྒྱ་མཚོ་ཁྱེད་ཡིན་དུས། །སྒོས་གངས་ཅན་ཆོས་སྲིད་ཆགས་འཇིག་གི་འཚམས་སུ། །དོན་ངེས་པ་ལྔ་ལྡན་དབུགས་བྱིན་དུ་བཞུགས་གསོལ། །སྐལ་བཟང་སངས་རྒྱས་བྱོན་པ་རྡོ་རྗེ་གདན། །མདོ་སྔགས་བསྟན་པ་དར་བ་གངས་རིའི་ལྗོངས། །འཛམ་གླིང་ཞི་བདེའི་དེད་དཔོན་པད་དཀར་འཆང་། །ལུང་རྟོགས་ཕྱོགས་བཅུར་ཁྱབ་པའི་བཀྲིས་ཤོག །བདག་སོགས་འགྲོ་བ་མ་རྒན་སེམས་ཅན་རྣམས། །བློ་སྣ་ཆོས་ལ་འགྱུར་བའི་བཀྲིས་ཤོག་ ཆོས་ཕྱོགས་ལམ་དང་མཐུན་པའི་བཀྲིས་ཤོག །ལམ་མཆོག་ཡེ་ཤེས་འཆར་བའི་བཀྲིས་ཤོག །རྟོགས་པས་བདག་རྒྱུད་གྲོལ་བའི་བཀྲིས་ཤོག །མཁྱེན་རྩེས་གཞན་རྒྱུད་གྲོལ་བའི་བཀྲིས་ཤོག །ཅི་གསུང་བཀའ་བཞིན་སྒྲུབ་པའི་བཀྲིས་ཤོག །ཐུགས་ཡིད་གཅིག་ཏུ་འབྲེས་པའི་བཀྲིས་ཤོག།
ཕྱི་ལོ་
2021 སྤྱི་ལོ་གསར་ཚེས་ཀྱི་དགའ་སྟོན་རྟེན་འབྲེལ་ལ།
མཁའ་འགྲོ་ནམ་གསལ་རྡོ་རྗེ་ནས་སེམས་ཅན་ཡོངས་ཀྱི་ཚབ་ཞུས་ཏེ་ཤར་མར་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ།།