Menu
 

མཁའ་འགྲོ་ཀུན་དགའ་འབུམ་མའི་རྡོ་རྗེའི་ཐོལ་གླུ།

(Video link: https://www.youtube.com/watch?v=XuYGanGUS5E )

༄༅། །བླ་མ་མཁྱེན། བླ་མ་མཁྱེན།

དྲིན་ཆེན་རྩ་བའི་བླ་མ་དེ་མཁྱེན་ནོ།

གནས་དབེན་པ་འགྲིམ་པའི་རྣལ་འབྱོར་པ།།

ཆོས་རྒྱུ་འབྲས་རྟོག་ཚོགས་འཁྲུལ་བས་བཅིང་།།

གནས་དབེན་པ་འགྲིམ་པའི་རྣལ་འབྱོར་པ།།

གཞི་སྣང་བཞི་གསལ་བའི་མེ་ལོང་ལ།།

ཆོས་ཀུན་རྫོབ་རྒྱུ་འབྲས་རྣམ་མཐུན་ཤར།།

དེ་ཤར་བ་ཆོས་ཉིད་ཀློང་ནས་ཤར།།

ཤར་གྲོལ་གྱི་བཙན་ས་མ་ཟིན་ན།།

བསྐྱེད་རྫོགས་དེ་ནམ་མཁའི་མེ་ཏོག་འདྲ།།

བྱམས་སྙིང་རྗེ་བྱང་སེམས་རིན་པོ་ཆེ།།

རྒྱ་ཆེ་དེ་ཕྱོགས་ལྷུང་མ་བྲལ་ན།།

འཁོར་བའི་སྲིད་རྩ་མི་ཆོད་པས།།

སྟོང་ཉིད་སྙིང་རྗེའི་རང་མདངས་ངང་།།

སྲིད་ཚོགས་འཁོར་འདས་འུབ་ཆུབ་པས།།

དོན་གཉིས་མཐར་ཕྱིན་སྐུ་གཉིས་གྲུབ།།

འཁྲུལ་རྟོག་ཀྱི་སྒོམ་ལ་རེ་དོག་མེད།།

འཁྲུལ་རྟོག་འཇའ་ཡལ་སྟོང་ཞིང་འཁྱམས།།

རང་འབྱུང་གི་ལྷུན་གྲུབ་མ་མཇལ་ན།།

རེ་དོག་གི་ཐོས་བསམ་ནམ་མཁའ་འདི།།

འཇའ་མཚོན་ལྟ་བུ་རྨི་ལམ་སྒྱུ།།

དེ་ལྟར་འཛིན་པས་ཨ་འཐས་ཀྱིས།།

ཟུང་འཛིན་གྱི་བལྟ་བ་མ་གྲོལ་ན།།

གཉིས་འཛིན་གྱི་གོ་ས་འཁྲུལ་བས་འཁྱམས།།

བདག་འཛིན་གྱི་ཞེན་པ་མ་གྲོལ་ན།།

སྒོམ་སྒྲུབ་དེ་ཐར་ལམ་མི་འགྲོ་ཞིང་།།

ཕ་བླ་མ་བདེ་ཆེན་རིན་པོ་ཆེ།།

འཁོར་འདས་མཉམ་ཉིད་བྱིན་གྱིས་རློབས།།

ཕ་བླ་མ་སྟོང་ཉིད་སྙིང་རྗེའི་གཟུགས།།

བྱམས་སྙིང་རྗེ་བྱང་སེམས་རྒྱུད་གྲོལ་ནས།།

རང་དོན་གྱི་ཆོས་གཟུགས་བདེ་བླག་ངང་།།

ཀ་དག་ཀློང་ནས་དཀར་གསལ་ཤར།།

ཀུན་རྫོབ་རྣམས་དག་པའི་རོལ་པ་ལ།།

བྱང་སེམས་ཀྱི་རོལ་པར་མ་ཤེས་ན།།

སྣང་གནས་འགལ་འདུས་ཐར་པ་བཅིང་།།

ཕ་བླ་མ་ཀུན་ཁྱབ་རིན་པོ་ཆེ།།

གཞི་དགག་སྒྲུབ་ཀྱི་བཙན་ས་གཏོར་དུ་གསོལ།།

སྣང་བ་རྣམས་གང་ཤར་སྟོང་པར་ངེས།།

སྒྲ་གྲགས་སྟོང་ཟུང་འཇུག་ཚངས་པའི་དབྱངས།།

སེམས་རིག་སྟོང་ཟུང་འཇུག་བདེ་ཆེན་ངང་།།

བདེ་སྟོང་ལྷུན་གྲུབ་གཞལ་མེད་ཁང་།།

ལྷུན་གྲུབ་རང་བཞིན་སྣང་བ་ཤར།།

དུས་གསུམ་ཀུན་ལ་ཁྱབ་པ་དང་།།

སྲིད་ཚོགས་ཡེ་དག་གྲོལ་བར་ཤོག།

ཕྱི་ལོ་2024/5/13 ཉིན་ཨི་ཊ་ལིའི་གླིང་ཕྲན་པ་ལེ་མོ་ས་གནས་སི་སི་ལིའི་བྲག་ཕུག་ནང་རང་འབྱུང་རྣལ་འབྱོར་མ་མཁའ་འགྲོ་ཀུན་དགའ་འབུམ་མའི་ཐོལ་གླུ་དགེའོ།།