རྗེ་བཙུན་འཕགས་མའི་ཐུགས་དམ་གནད་ནས་བསྐུལ་བ་ཌཱ་ཀིའི་ཐོལ་གླུ་ཡེ་ཤེས་གྲུབ་པའི་རོལ་རྩེད་ཅེས་བྱ་བ་བཞུགས་སོ།
༄༅། །ཀ་དག་ཀློང་ནས་དཀར་གསལ་མེ་ལོང་ཤར།།
སྐར་མ་ལྟར་སྣང་སྒྱུ་མའི་རོ་སྙོམས་རྫོགས།།
གང་འགྲོ་འགྲོ་འདུག་བྲལ་བ་མཉམ་པར་གནས།།
ལྷར་ཡང་རྩོལ་མེད་གང་འདོད་འདི་ལྟར་ཤར།།
ང་ལས་སྐྱབས་སྦྱིན་ཨུཏྤལ་སྲི་ཞི་སྒྲོལ༵།།
ང་ཙམ་སྣང་སྟོང་མ་༵འགག་ཀུན་ལ་ཁྱབ།།
ང་ཡི་བདེ་སྟོང་ལས་བཞི་འཇིགས་སྐྱོབས་མ།།
མ་ཁྱོད་མ་སྐྱེས་མ་འགག་ནམ་མཁའ་མཐའ་གྲོལ་མ།།
མ་ཁྱོད་མི་སྣང་མི་འགག་གཟུགས་མཆོག་འོད་པོ་ཆེ།།
མ་མེད་སྣང་བཞིན་གསལ་བས་འཁོར་འདས་རྫོགས།།
མ་ཁྱེད་ཀུན་ཁྱབ་རིག་སྟོང་བདེ་ཆེན་རྗེན་ནེ་ནེ།།
མ་བུ་འོད་སྣང་ཐིག་ལེ་འཁྱིལ་ལི་ལི།།
མ་འབད་འབད་མེད་དགའ་བཞི་གསལ་ལ་ལ།།
མ་རྨད་མ་ངེས་མ་ཡི་དབུགས་དབྱུང་འབྱིན།།
མ་ནི་ཁྱབ་བདལ་ལྷུན་རྫོགས་ཡིད་འོང་མ།།
མ་ནི་བདེ་གཤེགས་ཀུན་སྐྱེད་ཆོས་དབྱིངས་ཡུམ།།
མ་ནི་སྒྲུབ་པ་པོ་ཡི་མཛའ་མོ་ཡུམ།།
མ་ནི་ལས་ངན་སྲོག་བཅོད་ཤན་པ་ཡུམ།།
མ་ནི་བདེ་སྡུག་ཀུན་གྱི་སྟངས་འཛིན་ཡུམ།།
མ་ནི་སྲུང་སྡོམ་ཀུན་གྱི་དམ་ཚིག་ཡུམ།།
མ་ནི་སྔགས་པ་ཀུན་གྱི་རྩ་ཁམས་ཡུམ།།
མ་ནི་སྒྲིབ་གཉིས་ཀུན་བྲལ་ཆོས་ཉིད་ཡུམ།།
མ་ནི་འཁོར་འདས་ཅིག་ཅར་ལྷུན་གྲུབ་རྫོགས།།
མ་ནི་རྟེན་འབྲེལ་ས་བཅུ་ལམ་ལྔའི་སྤྲིན།།
མ་ནི་རྒྱལ་ཀུན་ཡུམ་མཆོག་ཏཱ་རེ་མ།།
མ་ཡི་སྙིང་རྗེའི་ལྕགས་ཀྱུ་རྒྱུན་ཆད་མེད།།
མ་ཡི་ཐུགས་རྗེའི་ཞགས་པ་རྒྱུན་ཆད་མེད།།
ཡེ་ཤེས་ཡེ་རྫོགས་ཨ་མ་སྙིང་སྟོབས་ཅན།།
འགྲོ་ཀུན་ཕྱོགས་རིས་མི་མངའ་བུ་བཞིན་སྐྱོང་།།
ལས་དང་སྨོན་ལམ་ཀུན་ལ་མཆོག་ཐུན་སྟེར།།
སྐུ་དང་ཡེ་ཤེས་ཚང་ན་དོན་གཉིས་སྟེར།།
མ་ནི་ནོར་བུ་དགོས་འདོད་ཀུན་འབྱུང་ཡིན།།
མ་ལས་ཤར་བའི་བུ་འཁྲུལ་རིགས་དྲུག་སོགས།།
མ་བུ་རྟེན་འབྱུང་མཐོང་ན་མ་ཡི་བུ།།
ཆོས་རྣམས་རང་སར་ཞིག་ན་མ་ཡི་བུ།།
ལས་འབྲས་བསླུ་མེད་མཐོང་ན་མ་ཡི་བུ།།
བློ་སྣ་ངེས་འབྱུང་སྐྱོ་ཤས་མ་ཡི་བུ།།
མ་རིག་ལྷན་སྐྱེས་འཁྲུལ་ན་མ་དང་བྲལ།།
ངར་འཛིན་བདེན་འཛིན་ཞེན་ན་མ་དང་བྲལ།།
འཁོར་བ་དང་དུ་བླང་ན་མ་དང་བྲལ།།
དགེ་བཅུ་ཚུལ་ཁྲིམས་ལྡན་ན་མ་ཡི་བུ།།
ལྷག་པའི་བསླབ་གསུམ་རྒྱན་ན་མ་ཡི་བུ།།
ལྡོག་ཕྱོགས་དང་དུ་ལེན་ན་མ་དང་བྲལ།།
ཆོས་རྣམས་སྟོང་པ་མཐོང་ན་མ་ཡི་བུ།།
སྟོང་པ་རྟེན་འབྱུང་མཐོང་ན་མ་ཡི་བུ།།
རྟག་ཆད་མཐའ་གཉིས་ལྷུང་ན་མ་དང་བྲལ།།
རང་སེམས་ཆོས་ཉིད་ཤེས་ན་མ་ཡི་བུ།།
ཀུན་རྫོབ་སྒྱུ་མ་ཤེས་ན་མ་ཡི་བུ།།
བདེན་གྲུབ་མུ་སྟེགས་ལྷུང་ན་མ་དང་བྲལ།།
མར་ཤེས་དྲིན་སོགས་ཤེས་ན་མ་ཡི་བུ།།
ཆགས་སྡང་བདེན་པར་འཛིན་ན་མ་དང་བྲལ།།
བདག་གཞན་མཉམ་བརྗེས་བྱུང་ན་མ་ཡི་བུ།།
ལྷག་པའི་ཕར་ཕྱིན་ལྡན་ན་མ་དང་མཚུངས།།
དམ་ཚིག་སྡོམ་པ་མེད་ན་མ་དང་བྲལ།།
རང་དོན་ཁོ་ནར་ཞེན་ན་མ་དང་བྲལ།།
རིགས་དྲུག་སྡུག་བསྔལ་ཤེས་ན་མ་ཡི་བུ།།
སྡུག་བསྔལ་རྒྱུ་མཐུན་ཤེས་ན་མ་ཡི་བུ།།
སྐྱེ་བ་ཁས་ལེན་མེད་ན་མ་དང་བྲལ།།
གཞན་སྡུག་སྣང་མེད་གཏོང་ན་མ་དང་བྲལ།།
རང་སེམས་བདེ་གཤེགས་མཐོང་ན་མ་ཡི་བུ།།
ཕུང་ཁམས་ལྷ་སྐུར་མཐོང་ན་མ་ཡི་བུ།།
ཤ་ཁྲག་ཕུང་པོ་འཛིན་ན་མ་དང་བྲལ།།
འགག་སྒྲུབ་གཉིས་བྲལ་མཐོང་ན་མ་ཡི་བུ།།
གསལ་སྟོང་བརྗོད་མེད་མཐོང་ན་མ་ཡི་བུ།།
རིག་སྟོང་ཀུན་ཁྱབ་མཐོང་ན་མ་ཡི་བུ།།
མ་ནི་ཡེ་བྲལ་ཡེ་ཤེས་ཀུན་གྱི་བདག།
སྣོད་བཅུད་མ་ཤར་མཐོང་ན་མ་ཡི་བུ།།
མ་དག་ས་རྡོ་མཐོང་ན་མ་དང་བྲལ།།
འགྲོ་འོང་གནས་དང་ལྡན་ན་མ་དང་བྲལ།།
འགྲོ་འོང་གནས་ཀུན་བྲལ་ན་མ་ཡི་བུ།།
འདོད་ཆགས་ཉོན་མོངས་ལྔ་ལྡན་མ་དང་བྲལ།།
དེ་བྲལ་ཡེ་ཤེས་ལྔ་མཐོང་མ་ཡི་བུ།།
རྩ་ཁམས་རླུང་སེམས་མ་དག་མ་དང་བྲལ།།
སྐུ་གསུམ་ལྷུན་གྲུབ་མཐོང་ན་མ་ཡི་བུ།།
ཆོས་ཅན་ཆོས་ཉིད་ཤར་ན་མ་ཡི་བུ།།
ཡ་བྲལ་བླུན་སྒོམ་ཨུ་ཚུག་མ་དང་བྲལ།།
ལྷ་སྔགས་ཏིང་འཛིན་ཟབ་གསལ་མ་ཡི་བུ།།
བེམ་སོགས་གཟུགས་རྣམ་སྒོམ་ན་མ་དང་བྲལ།།
སྙིང་རྗེ་བྱང་སེམས་བྲལ་ན་མ་དང་བྲལ།།
བྱམས་སྙིང་མཐོང་གྲོལ་ལྡན་ན་མ་དང་མཉམ།།
གསང་སྔགས་ཁ་ཙམ་རྟོག་དཔྱོད་མ་དང་བྲལ།།
དད་པ་དག་སྣང་ལྡན་ན་མ་ཡི་བུ།།
ཆགས་སྡང་གཞན་ཆོས་སྨད་ན་མ་དང་བྲལ།།
བསླུ་མེད་ལས་འབྲས་དྲན་ན་མ་ཡི་བུ།།
རང་དོན་འཁྲི་བ་བྲལ་ན་མ་དང་མཉམ།།
གཞན་དོན་ཁོ་ན་འབྲལ་མེད་མ་ཡི་བུ།།
ལས་རླུང་དབུ་མར་ལྡོག་ན་མ་ཡི་བུ།།
བདེ་སྟོང་མཉམ་སྦྱོར་འོད་སྟོང་མ་ཡི་བུ།།
རང་བྱུང་ཡེ་ཤེས་ཡེ་ཀློང་བཙན་ཐབས་འདིས།།
མ་དག་ལས་རླུང་ཕྲ་མོའི་སྲོག་བཅད་ནས།།
ལྷན་སྐྱེས་བདེ་ཆེན་བདེ་བླག་ཨ་མའི་གཤིས།།
ཀུན་ཁྱབ་བདེ་བ་ཆེན་པོ་འཁྱིལ་ལི་ལི།།
བརྗོད་བྲལ་ཐིག་ལེ་ཆོས་སྐུ་གསལ་ལ་ལ།།
མ་འགག་སྒྲིབ་བྲལ་ལོངས་སྐུ་ཀྱི་ལི་ལི།།
སྣོད་རྣམས་བདེ་སྟོང་འུབ་ཆུབ་ཆོས་ཉིད་ཀློང་།།
བཅུད་རྣམས་གསལ་སྟོང་ལྷུན་གྲུབ་འགག་མེད་སྣང་།།
འཁོར་འདས་དག་མཉམ་ཆེན་པོ་ཨེ་མ་ཧོ།།
དོན་གྱི་བླ་མ་རང་རིག་གཉུག་མའི་གཤིས།།
སྐྱེ་དགུའི་སེམས་ལ་འབྲལ་མེད་ཡོད་བཞིན་དུ།།
བླ་མའི་གདམ་ངག་འཕོ་བ་བཙན་ཐབས་དྲིན།།
འདི་ལ་མ་བརྟེན་སྐྱབས་གནས་གཞན་ཅི་ཞིག།
ཡེ་དག་ཀུན་ཏུ་བཟང་མོའི་ཡེ་ཤེས་ཀློང་།།
རིག་སྟོང་ཐིག་ལེ་ལྷུན་གྲུབ་ཟུང་འཇུག་ངང་།།
སྤང་བླང་ཀུན་བྲལ་ཕ་གཅིག་ཀུན་ཏུ་བཟང་།།
རེ་དོགས་ཀུན་བྲལ་འགྲོ་འོང་གཞི་རྩ་བྲལ།།
གང་འདོད་བྱང་ཆུབ་སེམས་ཀྱི་རོལ་པར་ཤར།།
རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡེ་ནས་རྫོགས།།
རྫོགས་པ་ཆེན་པོ་ཡེ་ཤེས་ལྔ་རྫོགས་ཨ།།
འཕྲིན་ལས་ཀུན་རྫོགས་ལམ་རྫོགས་ཡོན་ཏན་རྫོགས།།
ཐུགས་རྫོགས་ཀ་དག་ཆེན་པོའི་ངང་ལ་རྫོགས།།
ཀློང་ཆེན་རབ་འབྱམས་ནོར་བུ་སྙིང་ལ་བཞུགས།།
མཐའ་གྲོལ་ཀློང་ཡངས་ངང་ནས་མ་དག་འགྲོར།།
གང་འདོད་ཀུན་འབྱུང་ཕྲིན་ལས་རོལ་རྩལ་འབྱེད།།
རྟག་ཁྱབ་འཁོར་ལོས་ཁམས་གསུམ་ཡོངས་སྒྲོལ་སྐྱོང་།།
འཁྲུལ་སེམས་ནད་མུག་འཁྲུག་བརྩོད་འདས་གསོན་རྣམས།
རྗེ་བཙུན་སྒྲོལ་མའི་སྐྱབས་འོག་ཚུད་པར་ཤོག།
རིགས་ཀུན་ཡོངས་འདུས་སངས་རྒྱས་པད་དཀར་འཆང་།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོར་འདུད།།
བདག་སོགས་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ།།
འགྲོ་སྒྲོལ་བར་དུ་རྟག་བཞུགས་གསོལ་བ་འདེབས།།
ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་རྣམས།།
སྐྱེ་དགུའི་སྙིང་ལ་དུས་ཀུན་འཇུག་པར་ཤོག།
བཀྲ་ཤིས་རྒྱལ་བ་ཀུན་བཟང་བཀྲ་ཤིས་བསྔགས།
ཆོས་སྐུ་འགྱུར་བ་མེད་པའི་བཀྲ་ཤིས་ཤོག།
བཀྲ་ཤིས་རྒྱལ་བ་རིགས་ལྔའི་བཀྲ་ཤིས་བསྔགས།།
ལོངས་སྐུ་འབྲེལ་ཚད་དོན་ལྡན་བཀྲ་ཤིས་ཤོག།
བཀྲ་ཤིས་འགྲོ་འདུལ་སྤྲུལ་སྐུའི་བཀྲ་ཤིས་བསྔགས།།
གཅིག་ཤེས་ཀུན་གྲོལ་བླ་མའི་བཀྲ་ཤིས་ཤོག།
དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདེན་སྟོབས་ཀྱིས།།
ལས་འབྲས་བསླུ་མེད་རྟོགས་པའི་བཀྲ་ཤིས་ཤོག།
བརྗོད་བྱ་བརྗོད་བྱེད་བརྗོད་ཡུལ་སོགས།།
འཁོར་གསུམ་དམིགས་མེད་ངང་དུ་ཨ།།
ཞེས་པ་འདི་འཛམ་གླིང་ཡུལ་གྲུ་ཁག་ནས་མཁན་པོ་དང་བླ་མ་འགའ་ཞིག་གིས་དེང་དུས་འཛམ་བུ་གླིང་འདིར་ཏོག་དབྱིབས་ནད་ཡམས་ཀྱི་སྡུག་བསྔལ་སེལ་ཆེད་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་དང་བཟླས་སྔགས་ཀྱིས་ལྷ་ཡི་ཐུགས་རྒྱུད་ཉེ་བར་བསྐུལ་ཚུལ་སོགས་བྲིས་ཞེས་གསུང་པའི་རེ་སྨོན་ལྟར་བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ཉེ་འགྲམ་
མཁའ་འགྲོ་ནམ་བསལ་རྡོ་རྗེ་ནས་གང་ཤར་དུ་སྨྲས་པ།
དགེའོ་ དགེའོ་ དགེའོ།།
2020/5/4 ཉིན།།