Menu
 

རྟོགས་དབྱིབས་རིམས་ནད་ཀྱི་རྐྱེན་ངན་ལམ་ཁྱེར་བཞུགས་སོ།

༄༅། །ཀྱེ་མ་ཀྱེ་ཧུད་ཨོ་རྒྱན་རིན་པོ་ཆེ། །དུས་ངན་སྙིགས་མའི་སེམས་ཅན་ལས་སྣང་གིས། །ནད་མུག་སྡུག་གི་འཛམ་གླིང་ཁ་ལོ་སྒྱུར། །སྐྱབས་དང་རེ་ས་གནས་མེད་བཙོན་ཁང་ལྷུང་། །མགོན་དང་དཔུང་གཉེན་གནས་བྲལ་སྡུག་སྐད་ཤོར། །གནམ་ས་བླ་འོག་སྒྱུར་བའི་ནད་ཡམས་ལ། །དུས་གསུམ་སངས་རྒྱས་གསན་ཅིང་དགོངས་སུ་གསོལ། །བདག་མེད་བདག་ཏུ་འཛིན་པས་སེམས་ཅན་གྱིས། །ཕྱི་སྣོད་འབྱུང་བ་དཀྲུག་པ་མཐོལ་ལོ་བཤགས། །བདེན་མེད་བདེན་པར་འཛིན་པས་འཁྲུལ་སེམས་ཀྱིས། །ནང་བཅུད་དུག་གསུམ་དང་ལེན་མཐོལ་ལོ་བཤགས། །ངར་འཛིན་དུག་སྦྲུལ་ནག་པོའི་གཞན་དབང་གིས། །རང་རྒྱལ་གཞན་ཕམ་བྱ་སྤྱོད་མཐོལ་ལོ་བཤགས། །མ་རིག་བདག་འཛིན་བདེན་འཛིན་འཁྲུལ་སེམས་དེས། །སྲིད་པའི་ཕུན་ཚོགས་སྐྱབས་གནས་དམ་པར་འཛིན། །ཡུད་ཙམ་འཆི་ནད་དྲག་པོ་སླེབས་ཙ་ན། །སྲིད་པའི་ཕུན་ཚོགས་བེད་མེད་ས་རྡོ་འདྲ། །ལས་འབྲས་སྨིན་པའི་སྡུག་བསྔལ་དུར་ས་འདིར། །བརྩེ་ཆེན་ཐུགས་རྗེ་ཕྱུང་བའི་དུས་ལ་བབས། །རྟེན་འབྲེལ་བསླུ་མེད་ལས་འབྲས་བདེ་སྡུག་ཀུན། །རྒྱུ་མཐུན་ཤར་བའི་ཚད་མ་མྱངས་དགོས་མོད། །སྣང་བ་ལིང་ལིང་བདེན་གྲུབ་ཚུགས་ཐུབ་འདི། །དབང་ཤེས་ཡུལ་གྱི་བདེ་འབྲས་རྨི་ལམ་ལ། །སྐྱེ་དགུ་རྣམས་ཀྱིས་འཛིན་ཆགས་དང་དུ་ལེན། །རྟེན་འབྲེལ་སྟོང་པར་མཐོང་བ་བྱིན་གྱི་རློབས། །སྟོང་པ་རྟེན་འབྱུང་མཐོང་བར་བྱིན་གྱི་རློབས། །འབྱུང་ཞེས་རང་བཞིན་མ་གྲུབ་དོན་རྟོགས་ནས། །རང་སེམས་ཆོས་ཉིད་མཐོང་བར་བྱིན་གྱི་རློབས། །བདག་མེད་བདག་ཏུ་འཛིན་པའི་འཁྲུལ་སེམས་དབང་། །དགྲ་འདུལ་གཉེན་སྐྱོང་རང་དོན་གཅོང་ནད་འདིས། །སྡུག་བསྔལ་ཆུ་གཉེར་འདི་ཕྱི་གཉིས་ལ་ཕོངས། །སེམས་ཅན་དྲིན་མ་ཡིན་པ་མ་ཤེས་པར། །དྲིན་ལན་ལོག་འཇལ་བྱས་པ་མཐོལ་ལོ་བཤགས། །དམ་ཆོས་རྡོ་རྗེ་ཐེག་པའི་སྒོར་བཞུགས་ནས། །དབང་བསྐུར་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྤྲོས་བྲལ་ཆོས་སྐུའི་དབྱིངས་ནས་རྡོ་རྗེ་འཆང་། །གང་འདོད་དགོས་འདོད་ཀུན་འབྱུང་རིན་ཆེན་གཏེར། །སྟོང་ཉིད་སྙིང་རྗེ་པད་དཀར་རྡོ་རྗེ་འཆང་། །དུས་གསུམ་གསལ་མཛད་རིགས་ཀུན་ཁྱབ་བདག་རྗེ། །མ་རིག་མུན་སེལ་སྐྱབས་གནས་འདི་ཁོ་ན། །སངས་རྒྱས་མི་རུ་བཟུང་བ་མཐོལ་ལོ་བཤགས། །ལས་འབྲས་བསླུ་མེད་ཆོས་སྒོར་བཞུགས་ན་ཡང་། །ཆོས་འབག་ལོག་འཚོ་བསྟན་བཤིག་མཐོལ་ལོ་བཤགས། །དཀོན་མཆོག་གསུམ་ལས་སྐྱབས་གཞན་མེད་ན་ཡང་། །མུ་སྟེགས་དྲེགས་པ་བསྟེན་པ་མཐོལ་ལོ་བཤགས། །དམ་ཆོས་ཐེག་པ་སྣ་ཚོགས་ཡོད་བཞིན་ངང་། །བལྟ་ལོག་སེམས་ཁམས་སྒྱུར་བ་མཐོལ་ལོ་བཤགས། །དལ་འབྱོར་བརྙེད་དཀའ་དོན་ཆེན་ཡིན་བཞིན་དུ། །དོན་མེད་བྱ་སྤྱོད་སྤེལ་བ་མཐོལ་ལོ་བཤགས། །མ་རིག་རིག་པ་ཡེ་ཤེས་ཡོད་བཞིན་དུ། །རང་སེམས་ཆོས་སྐུ་མ་མཐོང་མཐོལ་ལོ་བཤགས། །གཞི་ལས་གཞི་སྣང་ཤར་བ་མ་ཤེས་ནས། །ཆོས་གཟུགས་གསར་སྒྲུབ་བྱེད་པ་མཐོལ་ལོ་བཤགས། །མདོར་ན་འཁོར་བའི་སྐྱེ་འགྲོའི་སྣང་བ་ཀུན། །སྣང་གསུམ་ཡེ་གྲོལ་རང་གྲོལ་གཅེར་གྲོལ་རྣམས། །བཙན་ཐབས་བླ་མའི་བྱིན་རླབས་འཇུག་པར་ཤོག །རྩ་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །བདག་སོགས་སྐྱབས་གནས་རེ་ས་གཞན་ན་མེད། །སྐུ་གསུམ་སྒྱུ་འཁྲུལ་རོལ་པ་གང་འདོད་ཤར། །བརྩེ་ཆེན་ཐུགས་རྗེས་གཟིགས་ཤིག་རིན་པོ་ཆེ། །ནད་མུག་འཁྲུག་རྩོད་ཞི་བར་མཛད་དུ་གསོལ། །བདག་སོགས་མ་རིག་སེམས་ཅན་ལས་ངན་གྱིས། །སྒོ་གསུམ་མི་དགེ་དམིགས་མེད་ངང་དུ་བཤགས། །བཤགས་བྱ་བཤགས་བྱེད་བཤགས་ཡུལ་ཡེ་མེད་ནའང་། །སྒྱུ་མ་འདུས་བྱས་ཆོས་རྣམས་རང་གཤིས་བཤགས། །ཚུར་ལ་གསོན་དང་ཆོས་གྲོགས་ཕོ་མོ་རྣམས། །དལ་འབྱོར་བརྙེད་དཀའ་བསམ་བཞིན་ཆོས་ལ་བརྩོན། །མི་རྟག་བློ་བུར་ཡིན་པས་ཆོས་ལ་བརྩོན། །ལས་འབྲས་བསླུ་མེད་ཡིན་པས་ཆོས་ལ་བརྩོན། །འཁོར་བའི་ཉེས་དམིགས་བསམ་ཞིང་ཆོས་ལ་བརྩོན། །ཐར་པའི་ཕན་ཡོན་དྲན་ཅིང་ཆོས་ལ་བརྩོན། །ལྷག་བསམ་སྙིང་རྗེ་གཞན་ཕན་བྱང་ཆུབ་སེམས། །བསླུ་མེད་རྒྱུ་ནོར་ཡིན་པས་ཆོས་ལ་བརྩོན། །ལྷག་པར་གསང་སྔགས་རྡོ་རྗེ་ཐེག་པ་འདི། །སུ་འཕྲད་གྲོལ་བ་ཡིན་པས་ཆོས་ལ་བརྩོན། །སྙིང་པོ་ཡང་དག་སྟོང་ཉིད་སྙིང་རྗེ་ཅན། །ལྷུན་རྫོགས་རང་ཆས་ཡོད་པས་ཆོས་ལ་བརྩོན། །ཆོས་ནི་རང་དུལ་གཞན་ཕན་ཁོ་ནར་ངེས། །སེམས་འཁྲལ་མ་བྱེད་ལྷ་ཆོས་བརྩོན་ནུས་ན། །སྡུག་བསྔལ་ཐམས་ཅད་བདེ་བའི་གྲོགས་སུ་འཆར། །བསླུ་བ་མེད་པ་སྐྱབས་གནས་དཀོན་མཆོག་གསུམ། །སྲོག་ལ་ཐུག་ཀྱང་འདི་དང་བྲལ་མ་གྱུར། །དད་པ་སྙིང་རྗེ་དགོས་འདོད་ཀུན་འབྱུང་གཞི། །འཇིགས་སྐྲག་མ་བྱེད་སྙིང་ནས་གསོལ་བ་ཐོབ། །བླ་མ་ལྷ་ཡི་བྱིན་རླབས་ཡང་ཡང་ཞུས། །གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །མ་ཎི་བཛྲ་ཏཱ་རེའི་སྔགས། །གང་མང་དྲངས་ན་བར་ཆད་བསལ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །དགག་སྒྲུབ་བྲལ་བའི་བཀྲ་ཤིས་ཤོག །མ་རྣམས་ཀུན་གྱི་བཀྲ་ཤིས་ཤོག །སྙིང་རྗེ་མཐོང་གྲོལ་བཀྲ་ཤིས་ཤོག །ལས་རྣམས་ཀུན་གྱི་བཀྲ་ཤིས་ཤོག །མཐོང་ཐོས་ཐར་ལམ་བཀྲ་ཤིས་ཤོག །འབྲས་བུ་ཀུན་གྱི་བཀྲ་ཤིས་ཤོག །སྐུ་གཉིས་རྫོགས་ལྡན་བཀྲ་ཤིས་ཤོག །
༼དེང་འཛམ་གླིང་འདིར་རིམས་ནད་མཇའ་ཡལ་མས་རྐྱེན་པས་ཚེ་སྲོག་དཔལ་འབྱོར་འཇིགས་སྐྲག་སོགས་ཡོང་བཞིན་པའི་དུས་འཛམ་གླིང་སྐྱེ་འགྲོ་ཀུན་ཁྱིམ་ཚང་གཅིག་ལྟ་བུ་ཡིན་ལ་གོས་ཆག་བྱུང་བ་རྣམས་ལ་གདུང་སེམས་མཉམ་སྐྱེས་དང་ནད་འདི་མྱུར་དུ་ཞི་བར་བྱེད་པའི་ཐབས་རེ་སྐུལ་ཞུ་བ་ལ། དུས་གསུམ་གསལ་མཛད་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི་རང་མདངས་ལས་ཤར་བའི་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོའི་བླ་མའི་རྣལ་འབྱོར་ཚིག་རིས་དོན་གསལ་ལྟར་སྐྱེ་འགྲོ་རྣམས་ཀྱི་ཡིག་དྲུག་དང་མ་ཧཱ་གུ་རུའི་མཚན་སྔགས་སོགས་དུང་ཕྱུར་གང་མང་། ལྷག་པར་བོད་སྨན་དང་སྔོ་སྨན་གྱི་སྨན་པ་མཁས་པ་རྣམས་གྲོས་མོལ་ཐོག་སྨན་བཟོ་ཐུབ་ན་ནད་ལས་གྲོལ་བ་ཕན་ཐོག་ཆེ། ང་རང་ནང་པ་ཞིག་ཡིན་པའི་ངོས་ནས་བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་ལ་རྩེ་གཅིག་གསོལ་འདེབས་ཞུ་བ་དང་ལས་བཞིའི་ཕྲིན་ལས་སོགས་སྨོན་ལམ་གང་ཐུབ་ཞུ་མུས་ཡིན། འཛམ་གླིང་ཡུལ་གྲུ་གང་ས་ནས་ཆོས་གྲོགས་རྣམས་ཀྱི་རེ་བསྐུལ་ཞུས་པ་ལྟར་མཁའ་འགྲོ་ནམ་བསལ་རྡོ་རྗེ་ནས། 
ཕྱི་ལོ་
2020/3/30 ཉིན་གང་ཤར་དུ་བྲིས་པ་དགེའོ།༽