Menu
 

རང་འབྱུང་རྣལ་འབྱོར་མ་མཁའ་འགྲོ་ཚེ་རིང་མ་རིན་པོ་ཆེ

༄༅། །སྐྱབས་གསུམ་ཀུན་འདུས་ངོ་བོ།།  

དྲིན་ཅན་རྩ་བའི་བླ་མ།།       

འབྲལ་མེད་སྤྱི་བོའི་གཙུག་རྒྱན།།      

གང་འདོད་བྱིན་རླབས་སྩོལ་ཅིག།      

ཅེས་བཀྲ་ཤིས་པའི་སྙན་ཚིག་གིས་མདུན་བསུས་ཏེ་སྐབས་དོན་གླེང་བར་བྱ་བ་ནི།  

མཁའ་འགྲོ་ཚེ་རིང་ཀུན་དགའ་འབུམ་མ་ང་།།             

མི་རིགས་བོད་པ་སྐྱེ་སར་ཞིང་འབྲོག་འཛོམས།།   

ལོ་བདུན་སྐབས་ནས་ཞིང་འབྲོག་རྒྱུ་འབྲས་བཙལ།།  

རྟེན་འབྲེལ་དོན་དང་དབེན་པའི་རི་ཁྲོད་ལ།།   

དགའ་ཡང་ཕ་མ་གྲོང་གསེབ་སློབ་སྦྱོང་དབེན།།   

ཕྱི་རོལ་ཡུལ་དང་ནང་གི་སེམས་ལྟ་སྐབས།།  

བདེ་གསལ་མི་རྟོགས་མངོན་བྱུང་ཡ་མཚན་འགའ།།  

ཉམས་རྟོགས་སྣ་ཚོགས་འགོག་མེད་སེམས་ལ་ཤར།།  

རྒྱལ་བའི་བསྟན་སྲུང་ལྷ་མོ་ཡོངས་ཀྱི་གཙོ།།  

དཔལ་ལྡན་དམག་ཟོར་རྒྱལ་མོའི་དགྱེས་ཞལ་མཇལ།།  

རྒྱུས་མེད་ཡུལ་ལ་ངེས་མེད་འགྲོ་དགོས་ཞེས།།  

ལུང་བསྟན་འབྲལ་མེད་རྗེས་འཛིན་ཞལ་བཞེས་ཐོབ།།  

དེ་ནས་བཟུང་སྟེ་བློ་ཡི་གཏད་སོ་ཞིག།  

ངེས་མེད་ངང་ནས་ལྷ་ལྡན་རྟེན་གནས་མཇལ།། 

གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་བསླེབས།།  

འཚོ་གོས་ཞན་སྟབས་དཀའ་ཚེགས་དུ་མ་མྱངས།། 

སྐོར་ལམ་ནང་ནས་དྲང་སྲོང་རྒན་པོ་ཞིག།  

མཇལ་བའི་ཞལ་ནས་༧གོང་ས་༧ལྔ་པའི་ཆོས།།  

རྒྱ་ཅན་ཉེར་ལྔའི་བསྟན་པ་གསོ་བའི་ཆེད།།   

འཕགས་ཡུལ་ཕེབས་ནས་འཕགས་མཆོག་མཇལ་དགོས་སོགས།།  

ལུང་བསྟན་མང་སྩལ་ལམ་རྒྱགས་དངུལ་ཡང་གནང་།།  

གངས་དཀར་ཏི་སེ་ལ་སོགས་འགྲོ་ལམ་སྐབས།།  

ཀུན་རྫོབ་སྣང་བ་སྒྱུ་མའི་བདེ་ཀློང་ནས།།   

འཇིགས་གླིང་ལ་སོགས་བཤེས་གཉེན་འགའ་མཇལ་ནས།།  

རྫོགས་ཆེན་སྙིང་ཐིག་ངོ་སྤྲོད་གནང་བ་སོགས།།   

ལས་སྨོན་རྟེན་འབྲེལ་བདག་རྒྱུད་བྱིན་གྱིས་བརླབས།།  

མི་མཐུན་རྐྱེན་ངན་གྲོལ་བའི་གདམས་ངག་ཐོབ།།   

ལྷ་དང་བླ་མའི་ལུང་བཞིན་དཀའ་སྤྱད་ཀྱིས།།  

ཕྱི་ལོ་གོ་བཞིར་བལ་ཡུལ་འཕགས་ཤིང་བསླེབས།།  

ཟས་རྐྱེན་ནད་མནར་སྡུག་བསྔལ་བཟོད་མེད་ངང་།།  

དག་སྣང་ལ་སོགས་མཐོང་སྣང་དུ་མ་བྱུང་།།   

མ་ཤི་ཙམ་ངང་འཕགས་ཡུལ་རྡ་སར་འབྱོར།།    

སྣེ་ལེན་ལས་བྱེད་ལ་སོགས་བསམ་མེད་འགས།།  

རྒྱལ་བའི་མཇལ་ཁ་མ་བཏང་ཡུན་རིང་ལུས།།      

ཐུབ་ཚོད་ཁྱད་གསོད་སྒྱུ་ལུས་ནད་ཀྱིས་ཁེངས།།   

ཅུང་ཟད་དྲག་པའི་དུས་སྐབས་ཤིག་གི་ཚེ།།    

ལྷ་དང་བླ་མའི་ལུང་བསྟན་དུ་མ་དང་།།   

བཤེས་གཉེན་འགའ་ཡིས་ཕྱག་རོགས་གནང་བའི་མཐུས།།   

བླ་མ་མཇལ་བའི་སྐལ་བཟང་གོ་སྐབས་ཐོབ།།   

ལོ་མང་སྔོན་ནས་སྐབས་རེར་ལྷ་ཞིག་བབས།།   

ཅི་ཡིན་མ་ཤེས་གང་བྱེད་བྱ་ཐབས་བྲལ།།    

རྒྱལ་མཆོག་རྡོ་རྗེ་འཆང་ཆེན་མཇལ་བའི་མུར།།     

རྒྱལ་བའི་བསྟན་སྲུང་ཚེ་རིང་བརྟན་མ་ཕེབས།།    

གཞུང་འབྲེལ་བསྟན་སྲུང་ཁྲི་འདོན་དབུགས་དབྱུང་བྱིན།།   

བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་གི།   

ཐུན་མིན་མན་ངག་ཟབ་ཁྲིད་གདམས་པ་ཐོབ།།   

ལྷག་པར་དག་སྣང་གསང་བ་རྒྱ་ཅན་ལ།།   

དམིགས་གསལ་ལས་འབྲེལ་ཡོད་པ་བཀའ་སྩལ་ནས།།   

ཆོས་འདིའི་ཆོས་བདག་ཡིན་པར་དབུགས་དབྱུང་སྟེ།།   

རང་བྱུང་རྣལ་འབྱོར་མ་ཞིག་ཡིན་ཞེས་གསུངས།།   

དབང་ལུང་མན་ངག་ཐོབ་ནས་བསྙེན་སྒྲུབ་ལ།།       

ལོ་ངོ་བཅུ་ཕྲག་སྒོམ་སྒྲུབ་ནན་ཏན་འབད།།       

ལོ་ངོ་ཉི་ཤུ་ལྷག་པའི་ནང་ཚུན་ལ།།    

རྒྱལ་དབང་རྡོ་རྗེ་འཆང་གི་བཀའ་ཆོས་དང་།།   

རིས་མེད་སྐྱེས་ཆེན་དུ་མའི་ཞལ་སྔ་ནས།།   

གཞུང་ཆེན་ལ་སོགས་དབང་ལུང་མན་ངག་ཐོབ།།    

ཐོས་བསམ་སྒོམ་སྒྲུབ་བྱ་བར་རིང་དུ་འབད།།   

སྟོང་ཉིད་སྙིང་རྗེར་ཤེས་ནས་དད་པ་ཐོབ།།    

བསླུ་མེད་རྩ་གསུམ་རྒྱ་མཚོའི་བཀྲ་ཤིས་ཤོག། །།