Menu
 

ཕྲིན་ལས།

༄༅།  །རྒྱལ་བ་རྡོ་རྗེ་འཆང་གཙོས་པའི་བླ་སྤྲུལ་དགེ་བཤེས་མང་དག་ཞིག་སྐུ་ཚེ་མཛད་འཕྲིན་ལ་ཟློག་ཐབས་དཀའ་བའི་གནས་སྐབས་སུ་མིག་མཐོང་ལག་ཟིན་གྱི་སྐུ་ཚེ་མཛད་འཕྲིན་བར་ཆད་རྣམས་ཟློག་པ་དང་། སྔགས་དབང་རིན་ཆེན་འབར་བ། མཆོད་རྟེན། འབུམ་ཚོགས་ལས་བཞི་འཕྲིན་ལས་སོགས་ལོ་ངོ་སུམ་བཅུའི་རིང་ལ་སངས་རྒྱས་ཀྱི་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་ཞབས་ཏོག་གནད་སྨིན་བསྒྲུབས་དང་སྒྲུབ་བཞིན་པ།  ལྷག་པར་དུ་ལྷ་བླ་མའི་ལུང་བསྟན་བཞིན་རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་ཡང་གསང་རྒྱ་ཅན་འདི་ཉིད་ཀྱི་དབང་ལུང་མན་ངག་རྣམས་རྒྱལ་བ་རྡོ་རྗེ་འཆང་ནས་ལེགས་པར་ཐོབ་ཕྱིར་དཀའ་ཐུབ་ཚད་མེད་ངང་ནས་ཕྱི་ནང་རྟེན་འབྲེལ་བསྒྲིགས་ཏེ་བར་ཆད་ཀྱི་གཡུལ་ལས་རྒྱལ་ནས་གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་བ་རྡོ་རྗེ་འཆང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཐུགས་དགྱེས་བཞེས་ངང་ནས་དབང་ལུང་མན་ངག་རྣམས་སྩལ་ཐུབ་པ་དང་མི་ལོ་སུམ་བརྒྱ་དྲུག་བཅུའི་ནང་ལ་ཕྱི་ནང་བར་ཆད་རྐྱེན་སྣ་ཚོགས་ལས་སྐུ་ཕྲེང་རིམ་བྱོན་ནས་དབང་ལུང་སྩལ་མ་ཐུབ་པ་ནི་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་བློ་ཕམ་སུ་གྱུར་པ་ནི་སྨྲོས་མི་དགོས་པ་རེད།  ད་ལན་ལོ་མང་རིང་དཀའ་ངལ་ཚད་མེད་ཐོག་རྟེན་འབྲེལ་བསྒྲིགས་ནས་དབང་ལུང་ཡོངས་སུ་རྫོགས་པ་བསྐུར་ཐུབ་པ་ནི་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་བསོད་ནམས་དང་ལས་འགྲོ་སྨོན་ལམ་གསལ་བའི་སྤྱི་ཀུན་གྱི་ནོར་བུ་རིན་པོ་ཆེ་རག་པ་འདི་ཧ་ཅང་གྱི་བྱས་རྗེས་དང་འཕྲིན་ལས་ཐུན་མོང་མ་ཡིན་པར་བསམས།