Menu
 

ཆོས་རྣམས་གཟུགས་བརྙན་ལྟ་བུ་ལ།། 
ཤར་ཡང་ཆོས་ཉིད་ཀློང་ནས་ཤར།། 
གྲོལ་ཡང་ཆོས་སྐུའི་ཀློང་དུ་གྲོལ།།
ཆོས་སྐུ་བདེ་བ་ཆེན་པོ་ལ།། 
བརྗོད་མེད་རང་སར་རང་ཤར་ཡོད།། 

སྐྱེ་འགགས་གནས་གསུམ་བྲལ་བའི་གཤིས།། 
བདེ་ཆེན་ཀ་དག་ཆེན་པོའི་ཀློང་།། 
འོད་ཟེར་འདུས་མ་བྱས་པའི་རྩལ།། 
ལྷུན་འགྲུབ་འགགས་མེད་རོལ་པ་ཤར།། 

སྐལ་ལྡན་ལས་འཕྲོ་ཅན་ལ་དབང་།། 
འདུ་འབྲལ་མེད་པའི་ངང་ནས་ཤར།། 
ཤར་གྲོལ་དུས་མཉམ་བཙན་ས་ཟིན།། 
དོན་གྱི་བླ་མ་རང་རིག་གཉུག་མའི་གཤིས།། 
ཨ་ཨ་ 

རང་བྱུང་རྣལ་འབྱོར་མ་མཁའ་འགྲོ་ཀུན་དགའ་འབུམ་མ་རིན་པོ་ཆེ་ནས་ཡུ་རོབ་ཀྱི་ལུང་པ་སེ་པན་དུ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་བཀའ་དབང་སྩལ་སྐབས་ཐོལ་བྱུང་དུ་གསུངས་སོ།།  
ཕྱི་ལོ་༢༠༢༤•༤•༢༡ཉིན།།