Menu
 

དག་སྣང་ཡང་གསང་རྒྱ་ཅན་རིན་འཛིན་སྒྲུབ་སྡེ་ནི།

༄༅། །དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས།  ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་གདུལ་བྱའི་བསམ་པ་དང་དབང་པོ།  སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་དབྱེ་བའི་སྒོ་ནས་ཉན་ཐོས།  རང་རྒྱལ།  བྱང་སེམས་ཏེ་ཐུན་མོང་གི་ཐེག་པ་གསུམ།  ཀྲི་ཡ།  ཨུ་པ།  ཡོ་ག་སྟེ་ཕྱི་རྒྱུད་སྡེ་འོག་མའི་ཐེག་པ་གསུམ།  མ་ཧཱ་ཡོ་ག  ཨ་ནུ་ཡོ་ག  ཨ་ཏི་ཡོ་ག་སྟེ་ནང་རྣལ་འབྱོར་བླ་མེད་ལ་གདུལ་བྱ་དབང་པོ་རྟུལ་འབྲིང་རྣོ་པོས་རིམ་གཉིས་ཀྱི་ལམ་བསྒོམ་ཚུལ་སོགས་ཀྱི་དབྱེ་བའི་ཐེག་པ་གསུམ་སྟེ་ཐེག་པ་རིམ་པ་དགུ་དང་།  བསྡུ་བའི་སྒོ་ནས་ཐེག་པ་ཆེ་ཆུང་གཉིས་སུ་འདུས་ལ།  འདིར་ཐེག་ཆེན་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འབྲས་བུའི་ཐེག་པ།  དེ་ལའང་ཕྱི་ནང་གཉིས་ལས་ནང་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ལ་བོད་འདིར་འགྱུར་སྔ་ཕྱིའི་དབང་གིས་སྔགས་གསར་རྙིང་གཉིས་སུ་གྲགས་པ་ལས་རྙིང་མའི་ཁོངས་སུ་གཏོགས་ལ།  དེ་ལའང་རིང་བརྒྱུད་བཀའ་མ།  ཉེ་བརྒྱུད་གཏེར་མ།  ཟབ་མོ་དག་སྣང་ཞེས་པའི་བཀའ་སྲོལ་ཆེན་མོ་གསུམ་ལས་འདིར་ཟབ་མོ་དག་སྣང་གི་གདམས་པ་དང་འབྲེལ་བ་སྟེ།  སྤྱིར་དག་སྣང་ལ་རབ་དངོས།  འབྲིང་ཉམས།  ཐ་མ་རྨི་ལམ་གྱི་དག་སྣང་གསུམ་ལས།  ཁྱད་པར་དུ་གྱུར་པའི་ཆོས་སྡེ་འདི་ནི།  ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འཇམ་དཔལ་རྩ་བའི་རྒྱུད་དང་།  ཨོ་རྒྱན་སངས་རྒྱས་གཉིས་པས་ཟབ་མོའི་གཏེར་ཁ་བཅོ་ལྔ་ཙམ་ནས་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་བསྔགས་ཤིང་།  འཕགས་མཆོག་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་འཇིག་རྟེན་ན་ཡོངས་སུ་གྲགས་པའི་ཀུན་མཁྱེན་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་གྱིས་སྣང་སྲིད་ཐམས་ཅད་དག་པ་ཡེ་ཤེས་ཀྱི་རོལ་པར་གཟིགས་པས་མངོན་སུམ་པའི་དག་སྣང་རྒྱ་ཅན།  སྐལ་ལྡན་རྣམས་ལ་སྨིན་གྲོལ་གྱི་སྒོ་འཕར་ཡོངས་སུ་ཕྱེ་ཞིང་།  སྐལ་མེད་རྣམས་ལ་འཆོལ་བར་མི་སྤྱོད་པའི་ཕྱིར།  འཁོར་ལོ་ལ་སོགས་པའི་ཕྱག་རྒྱས་བཏབ་པར་མཛད་པའི་ཆོས་སྡེ་ཉི་ཤུ་རྩ་ལྔ་གཙོ་བོར་བྱས་པའི་འཆད་ཉན་སྒོམ་སྒྲུབ་སྣང་ཡུལ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒྲུབ་གྲྭ་ཞིག་གོ།

འདི་ནི་མདོར་བསྡུས་ཙམ་མོ།